Pages

Thursday 26 December 2013

ན་གཞོན་ཚུ་ལུ་ལཱ་གཡོག་སྤྲོད་ནི : ན་གཞོན་ཁོང་རའི་འགན་ཁུར།


༈     ལོ་ངོ་བཅུ་ཕྲག་ལས་ལྷག་སྟེ་ སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ནང་ བརྩོན་ཤུགས་བསྐྱེད་དེ་ ཤེས་ཡོན་སྦྱང་པའི་ཤུལ་ལས་ རང་གི་དངུལ་ཕོགས་ཐོབ་ནི་འདི་ མི་ཚེ་ནང་ལུ་ མཐར་འཁྱོལ་ཅན་གྱི་ འགྲུབ་འབྲས་སྦོམ་ཤོས་ཅིག་ཨིན། ན་གཞོན་མང་ཤོས་ཅིག་གི་དོན་ལུ་ ཁོང་རའི་འགོ་ཐོགས་ཐོབ་མི་དངུལ་ཕོག་དེ་ སྐྱབས་གནས་ དཀོན་མཆོག་གསུམ་ལུ་  གཉེན་དར་དང་ ཕམ་ལུ་གུས་བསྐུར་གྱི་ གྲོགས་རམ་ཕུལ་ཏེ་ ག་ནི་བ་རྩ་ཆེཝ་སྦེ་ཆ་བཞག་འོང་།  གཙུག་ལག་སློབ་སྡེ་ནང་ཡོད་མི་ ན་གཞོན་ཆ་མཉམ་གྱིས་ རང་མགོ་རང་འགྲོངས་སྦེ་སྡོད་ཐབས་ལུ་ རང་གི་ ལྕོགས་སྒྲུབ་དང་བསྟུན་པའི་ དངུལ་ཕོགས་ལེན་ཞིན་ན་ རང་གི་ བདག་དཞན་གྱི་ཡིད་ཆེས་གྲོངས་ཚུགསཔ་སྦེ་ སྡོད་ནའི་རེ་འདོད་སྦོམ་ཡོད་རུང་ དུས་ད་རེས་ནངས་པའི་ འབྲུག་རྒྱལ་ཁབ་ཀྱི་གནས་སྟངས་དང་འཁྲིལ་བ་ཅིན་ མི་ཚེའི་འཚོ་བ་དང་ ལཱ་གཡོག་འགོ་ཆོདཔ་ཅིག་ཐོབ་ནི་འདི་ ལཱ་ཁ་ཅན་གྱི་གདོང་ལེན་ཆེན་པོ་ཅག་ཨིན།

འབྲུག་གཞུང་གི་སྙན་ཞུ་དང་འཁྲིལ་བ་ཅིན་ ན་གཞོན་བརྒྱ་ཆ་༧
.3་གྱི་ གཡོག་མ་ཐོབ་ཟེར་མི་འདི་[1] གྱངས་ཁ་ལུ་རྩིས་རྐྱབ་པ་ཅིན་ མི་གྲངས་༡0,990་འདུག[2]། གཡོག་མེད་མི་ན་གཞོན་ཚུ་ རང་གི་དངུལ་ཕོགས་ཐོབ་ནི་མེདཔ་ལས་ ཁོང་རའི་ཕམ་དང་སྤུན་ཆ་ཚུ་ལུ་བསྟེན་ཏེ་ སྡོད་དགོ་ནི་འདི་གིས་ ན་གཞོན་ཁོང་རའི་མི་ཚེ་ནང་ སེམས་ཀྱི་རེ་འདོད་དང་དམིགས་ཡུལ་ཚུ་ སྒྲུབ་མ་ཚུགསཔ་ལས་ བློ་ཕམ་དང་ ཁོང་ཁྲོ་སྦོམ་སློངམ་ཨིན། དེ་འབདཝ་ལས་ དངུལ་གྱི་དོན་ལུ་ཨར་རྐུན་འབད་ བློ་ཁོག་བཀང་ནིའི་དོན་ལུ་སྡེ་ཚན་བཟོ་ ཁོང་ཁྲོ་ཞི་ནིའི་དོན་ལུ་ལུས་འབྲེལ་དང་ ཆ་རོགས་བཟོ་ནིའི་དོན་ལུ་སྨྱོ་རྫས་ལོངས་སྤྱོད་དེ་ ཁྲིམས་ལས་འགལ་བའི་ལཱ་ཚུ་ གསར་ཤོག་དང་ཁྲིམས་སྲུང་འགག་པའི་ཐོ་དེབ་ནང་བཀོད་དེ་འདུག།

དེ་མ་ཚད་ ན་གཞོན་ཚུ་གི་ལྕོགས་སྒྲུབ་ རྣམ་པ་མ་འདྲཝ་ཚུ་ གཡོག་བཀོལ་མ་ཚུགསཔ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ གྱོང་གུད་ཚད་མེདཔ་སྦེ་ཡོད། འདི་ཡང་ག་ཅི་འབད་ཨིན་ན་ཟེར་བ་ཅིན་ རྩིས་དཔྱད་དང་འཁྲིལཝ་ད་ འབྲུག་གི་མི་རློབས་ལས་ ཕྱེད་ཀ་རྐྱངམ་ཅིག་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ཕན་ཐོག་ཚུགས་པའི་ ལཱ་འབད་ཚུགསཔ་ཨིན། གཞན་མི་མི་རློབས་ཕྱེད་ཀ་དེ་ ལོ་ན་ཆུང་བའི་ཨ་ལོ་དང་ ལོ་ན་རྒས་པའི་ ཨ་རྒས་དང་ཨང་རྒས་ཚུ་ཡོདཔ་ལས་ མི་དབང་འབྲུག་རྒྱལ་ལྔ་པ་གིས་ ང་བཅས་རའི་རྒྱལ་ཁབ་ཀྱི་ནོར་བུ་ རྩ་ཆེ་ཤོས་དེ་ མི་སྟོབས་ཨིན་ཟེར་གསུང་ཡོད།

ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ལུ་བརྟེན་ མི་སྡེ་དང་དཔལ་འབྱོར་ལུ་ གནོད་པ་ཡོད་པའི་སྐོར་ལས་ གོང་ལུ་བཤད་ཡོད་མི་དེ་ ག་ར་གིས་ངོས་ལེན་འབདཝ་ཨིན། དེ་འབདཝ་ད་ ངོས་ལེན་འབད་དགོ་པའི་ གནད་དོན་ཁག་ཆེ་ཏོག་ཏོ་གཞན་མི་དེ་ གཡོག་མེད་མི་ལུ་བརྟེན་ ན་གཞོན་གང་ཟག་ཚུ་ལུ་ ལུས་དང་སེམས་ཁམས་ཀྱི་ ན་ཚ་ལེ་ཤ་ཐོབ་འོང་ཟེར་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ཉེན་བརྡ་འབད་དེ་ཡོད། དེ་བཟུམ་མའི་གསོ་བའི་ན་ཚ་ཚུ་བཅོས་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ལྡན་པའི་ དཔལ་ལྡན་འབྲུག་གི་རྒྱལ་ཁབ་ནང་ གསོ་བའི་མཐུན་རྐྱེན་ རིན་མེད་སྟོང་པར་སྦེ་ བྱིན་ནི་ལུ་ ཟད་འགྲོ་ཐེབ་ཕོག་འོང་།

དེ་འབདཝ་ལས་ ན་གཞོན་ཚུ་ ཤེས་རིག་ཡོན་ཏན་ སྦྱང་ཚར་བའི་ཤུལ་ལུ་ གཡོག་གི་གོ་སྐབས་སྤྲོད་དགོཔ་སྦེ་ ༢༠༡༣་ལུ་ དམངས་གཙོ་ཅན་གྱི་གཞུང་གཉིས་པ་ བསྐོ་བཞག་འབད་བའི་སྐབས་ལུ་ མི་དབང་འབྲུག་རྒྱལ་ལྔ་པ་གིས་ བཀའ་སློབ་བཟང་པོ་གནང་ཡི། ཨིན་རུང་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་ནའི་ འགན་ཁུར་དེ་ གཞུང་རྐྱངམ་ཅིག་ལུ་མེན་པར་ ན་གཞོན་ཁོང་ར་ རེ་རེ་བཞིན་གྱི་འགན་ཁུར་ཡང་ཨིན། འགན་ཁུར་དེ་དང་བསྟུན་ ལཱ་གཡོག་ཐོབ་ནིའི་དོན་ལུ་ འོག་ལུ་བཀོད་མི་ རིག་རྩལ་དང་ལྕོགས་སྒྲུབ་རྣམ་པ་གསུམ་དེ་ རང་གི་རྒྱུད་ལུ་འོང་དགོ།

རིག་རྩལ་དང་པ་འདི་ རང་ལུ་དགོ་པའི་ ཤེས་རིག་ཡོན་ཏན་དང་ འདི་དང་འབྲེལ་བའི་ ལྕོགས་གྲུབ་དང་ཉམས་མྱོང་གཞན་ རྩེད་རིག་ སྙན་ཆ་ པར་བཏབ་ནི་ རྩིས་ཁྲ་བཞག་ནི་ལ་སོགས་པ་ཚུ་ སློབ་གྲྭ་ནང་མེན་པ་ཅིན་ སྒེར་གྱི་ཤེས་ཡོན་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་གྱི་ལག་ཁྱེར་ཐོབ་དགོ། ག་ཅི་གི་ཕྱིར་དུ་སྨོ་ཟེར་བ་ཅིན་ དཔེར་ན་ རང་ལུགས་ཀྱི་སྙན་ཆ་བསྐྲོག་ཤེས་མི་ བུཚ་གཅིག་གིས་ ཕྱི་རྒྱལ་གྱི་སྙན་ཆ་ཚུ་ཡང་ ཐོག་ཆ་མེད་པར་ བསྐྲོག་ཤེས་པ་ཅིན་ ཞབས་ཁྲ་དང་སྙན་ཆའི་ཚོང་ལས་ནང་ འཇམ་ཏོང་ཏོ་སྦེ་གོ་སྐབས་ཐོབ་ཚུགས་དོ་བཟུམ་ཨིན།

རིག་རྩལ་གཉིས་པ་འདི་ བཟོ་རིག་དང་འཁྲུལ་རིག་ལུ་ལག་རྩལ་ཚུ་ རང་ར་སོ་སོའི་དང་འདོད་དང་བསྟུན་ སྦྱོང་བསྡར་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ནང་ཡར་འཕར་འགྱོ་བའི་བསྒང་ཡོད་མི་ བཟོ་བསྐྲུན་གྱི་ལཱ་ནང་གོ་སྐབས་ལེན་ཚུགསཔ་མ་ཚད་ ཕྱི་རྒྱལ་ཁབ་ནང་ལུ་ཡང་ལཱ་འབད་ཚུགས། དེ་ཡང་ ལྷོ་ཀོ་རི་ཡ་ལ་སོགས་པའི་རྒྱལ་ཁབ་ཚུ་ནང་ བཟོ་བསྐྲུན་ལས་སྡེ་ནང་ལུ་ ལག་རྩལ་ཅན་གྱི་ལས་གཡོགཔོ་ཚུ་དགོས་འདོད་ཡོད་མི་ཚུ་ འབྲུག་པའི་ན་གཞོན་ཚུ་གི་ གོ་སྐབས་ལེན་ཚུགས་ནི་མས།

རིག་རྩལ་གསུམ་པ་འདི་ གཡོག་གི་ས་སྟོངས་འཚོལ་ནི་དང་ བཙག་འཐུའི་དྲི་བ་དྲིས་ལན་ནང་ ལེགས་ཤོམ་འབད་དེ་ གདམ་ཁ་བསྒྲུབ་ཚུགས་པའི་ ཕྱིར་དུ་ དྲིས་ལན་གྱི་དོན་ལུ་ སྦྱང་བ་འབད་དགོཔ་གལ་ཆེ། གནམ་ལོ་༢༠༡༠་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་བཀའ་རྒྱ་གནང་མི་དང་འཁྲིལ་ ང་གིས་ རྒྱལ་ཡོངས་ཨམ་ཚུ་དང་ཨ་ལོའི་ལྷན་ཚོགས་ནང་ ན་གཞོན་འཐུས་མི་སྦེ་ཕྱག་ཞུཝ་ད་ ལྷན་ཚོགས་ཀྱི་ལས་འགུལ་ཅིག་གི་དོན་ལུ་ ལས་བྱེད་པ་གསརཔ་བཙུགས་ནིའི་དོན་ལུ་ དྲིས་ལན་འབད་མིའི་གྲོས་ཚོགས་ནང་ བཅའ་མར་གཏོགསཔ་ད་ ཉམས་རྒུད་དང་དཀའ་ངལ་ཕོག་མི་ ཨམ་སྲུ་ཚུ་ལུ་ བསླབ་སྟོན་འབད་ནི་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་སླབ་སྨོ་ཟེར་ སེམས་ཁམས་རིག་པའི་ གཙུག་ལག་ཤེས་ཡོན་ མཐར་འཁྱོལ་མི་ཅིག་ལུ་དྲིཝ་ད་ བཤད་པ་ག་ནི་ཡང་རྐྱབ་མ་ཚུགསཔ་ལས་ གདམ་ཁ་རྐྱབ་མི་གྲོས་ཚོགས་ཀྱི་འཐུས་མི་ཚུ་ སེམས་ཕམ་འབྱུངམ་མ་ཚད་ གཡོག་བྱིན་ནི་ལུ་ ཐེ་ཚོམ་བཟའ་ཡི། དཔྱེ་་འདི་གི་ དོན་ག་ཅི་སྟོནམ་སྨོ་ཟེར་བ་ཅིན་ ད་ལྟོ་ཡོད་པའི་ ཤེས་རིག་ལམ་ལུགས་ཀྱི་ ན་གཞོན་ཚུ་ལུ་ ཡོན་ཏན་རྐྱངམ་ཅིག་སྤྲོདཔ་མ་གཏོགས་ མི་ཚེ་ནང་ལུ་མཁོ་བའི་རིག་རྩལ་ ཁ་སླབ་ནི་དང་སྤྱན་འབུལ་ཞུ་ཐངས་ཀྱི་ རིག་རྩལ་ཚུ་ མ་སྤེལ་བའི་བརྡ་མཚན་ཨིན། དེ་འབདཝ་ལས་ ཕམ་དང་སློབ་དཔོན་ཚུ་གིས་ སློབ་གྲྭ་ནང་ན་གཞོན་ཚུ་ལུ་ ཁ་སླབ་ནིའི་སྦྱང་བ་དང་གོ་སྐབས་ཚུ་ ག་དེ་མང་མང་སྤྲོད་དགོ་པའི་ཁར་ ན་གཞོན་ཚུ་གིས་ཡང་ བརྩོན་ཤུགས་ཧེང་སྐལ་བསྐྱེད་དེ་སྦྱང་དགོཔ་འདུག།

དེ་མ་ཚད་ ང་བཅས་ཀྱི་མི་སྡེ་ནང་ཡོད་པའི་ ཕམ་དང་རྒས་ཤོས་ཚུ་གིས་ ན་གཞོན་ཚུ་ལུ་ གཞུག་གཡོག་རྐྱངམ་ཅིག་ འཚོལ་དགོ་ཟེར་མནོ་ནི་དེ་ འདི་འཕྲོ་ལས་ཤོལ་བཞག་དགོ་ཞིན་ན་ དེང་སང་དུས་ཀྱི་སྐབས་ལུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་ རྒྱ་ཆེ་དྲགས་སྦེ་གོང་འཕེལ་འགྱོ་བའི་སྐབས་ བཟོ་གྲྭ་ གློག་བརྙེན་ བལྟ་བཤལ་དང་ ཚོང་སྡེ་ལ་སོགས་པ་ཚུ་ནང་ གཡོག་གི་ས་སྟོངས་གསརཔ་ལེ་ཤ་ཡོད་མི་ཚུ་ འབྲུག་རྒྱལ་ཁབ་ཀྱི་ ལཱ་གཡོག་བཅའ་ཁྲིམས་དང་འཁྲིལ་ཏེ་ སྒེར་སྡེའི་ལཱ་གཡོག་ཚུ་ནང་ དངུལ་ཕོགས་དང་ཐོབ་ལམ་ཚུ་ བློ་བདེ་ཏོག་ཏོ་དང་ བརྟན་ཏོག་ཏོ་ཡོདཔ་ལས་ ཐེ་ཚོམ་ག་ནི་ཡང་མེད་པར་ འཛུལ་ནི་ལུ་རྒྱབ་སྐྱོར་དང་བསྐུལ་མ་འབད་དགོ།

ད་རུང་ ད་རེས་ནངས་པ་ བལྟ་རྒྱ་མཐོང་རྒྱ་ལེ་ཤ་ཡོད་པའི་དུས་སྐབས་ལུ་ རིག་གསར་གནས་སྐབས་ཀྱི་ཐོག་ལས་ དངུལ་ཁང་ཚུ་ལས་ མ་དངུལ་སྐྱིན་འགྲུལ་ཞུ་སྟེ་ རང་སོའི་ཚོང་ལཱ་ཆུང་ཀུ་ཚུ་ འགོ་བཙུགས་ཚུགས་པ་ཅིན་ སོ་ནམ་དང་སྒོ་ནོར་གྱི་ཕྱོགས་སུ་ འབྲི་ལྷག་ཤེས་མི་ སོ་ནམ་ཞིང་པ་སྦེ་ གོ་སྐབས་ལེན་རུང་ཡང་ ཁེ་བསང་ཡོད། དེ་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན་ དཔེར་ན་ ཞིང་པ་ཚུ་ཁ་བསྡོམས་སྦེ་ བཀྲ་ཤིས་གཡང་རྩེ་ལུ་ ད་ལྟོ་ཡོངས་གྲགས་ཡོད་མི་ ཨེ་མ་འཛུགས་སྐྱོང་འབད་དེ་ ཐོག་ལེ་ཤ་རྒྱ་ཆེ་དྲགས་སྦེ་བསྡུ་སྟེ་ རྒྱལ་ཁབ་ཀྱི་ལུང་ཕྱོགས་ག་ར་ནང་ཁྱབ་ཚུགསཔ་སྦེ་ བཀྲམ་སྤེལ་འབད་བ་ཅིན་ ལོ་བསྟར་ཞིན་འོང་འབབ་སྦོར་ཆེ་ཏོག་ཏོ་ བཟོ་ཚུགས་ནི་མས།

ང་བཅས་རའི་རྒྱལ་ཁབ་ཀྱི་ལུང་ཕྱོགས་ག་ཏེ་བལྟ་རུང་ ཕྱི་རྒྱལ་གྱི་མི་ སློབ་དཔོན་དང་ལེགས་སྦྱར་བ་ ཚོང་པ་དང་ལམ་ཁར་བཟོ་བསྐྲུན་གྱི་ལཱ་འབད་མི་ མང་རབ་ཅིག་ཡོད་དོ་བཟུམ་ རིག་རྩལ་དང་ཤེས་ཡོན་ལྡན་པའི་ འབྲུག་མི་ཚུ་གིས་ཡང་ ད་ལྟོ་ང་བཅས་རའི་རྒྱལ་ཁབ་ལས་ ཐའི་ལེན་རྒྱལ་ཁབ་ནང་ དབྱིན་སྐད་ཀྱི་སློབ་དཔོན་བཏང་དོ་བཟུམ་སྦེ་ རྒྱལ་སྤྱིའི་གཡོག་གི་གོ་སྐབས་ལེན་ནི་ཚུ་ འགོ་བཙུགས་དགོ་པས།

ན་གཞོན་ལུ་གཡོག་སྤྲོད་མ་ཚུགས་པའི་ དཀའ་ངལ་སེལ་ཐབས་ཀྱི་དོན་ལུ་ གོང་ལུ་བཀོད་ཡོད་མི་བསམ་ཆར་ཚུ་ ཕམ་དང་ན་གཞོན་ རང་ར་སོར་སོ་གིས་ འབད་ཚུགས་མི་ཚུ་རྐྱངམ་ཅིག་ཨིནམ་མ་གཏོགས་ གཞུང་གི་སྲིད་བྱུས་ཚུ་ལུ་ སྐྱོན་དང་ཡོན་ཏན་བརྗོད་ནའི་ མཁས་ཆོག་རང་ལུ་མེད། ཨིན་རུང་ འབྲུག་མི་ཆེ་འབྲིང་ཆུང་གསུམ་གྱིས་ ལཱ་གཡོག་སྦོམ་དང་ཆུང་ཀུ་ཆ་མཉམ་ རང་དང་རང་གི་བཟའ་ཚང་ལུ་ འཚོ་བའི་འཐོན་ཁུངས་ཡང་དག་པ་ཅིག་ཨིནམ་ལས་ དེ་ཡང་ འབྲུག་རྒྱལ་ལྔ་པ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ནང་ གསལ་བཤད་གནང་དོ་བཟུམ་སྦེ་ ང་གིས་ཡང་ མཐའ་འཁོར་ཧིང་སངས་ས་བཞག་མི་ ཕྱགམ་ཕྱག་མི་དང་ མེ་ཏོག་མཛེས་ཏོག་ཏོ་འཛུགས་སྐྱོང་ འབད་མི་ ལྡུམ་རས་ནང་ལཱ་འབད་མི་ཚུ་ལུ་ གུས་བསྐུར་དག་ཆ་བཞག་བསྐྱེད་དགོ་པའི་ གསོལ་འདེབ་ཞུ་ནི།

འདི་ཡང་ག་ཅི་འབད་སྨོ་ཟེར་བ་ཅིན་ ང་སྦྱོང་སྡར་འབད་སའི་ སྲི་ལངྐ་གི་རྒྱལ་ཡོངས་སྨན་ཁང་ནང་ལུ་ ནདཔ་ཚུ་གི་གྱལ་ཁར་ ཕྱགམ་ཕྱག་མི་དང་ ཆབ་གསང་ཕྱག་མི་ཚུ་གིས་ ངོ་ཚ་ག་ནི་ཡང་མེད་པར་ དཔའ་ཉམས་གྱི་ཐོག་ལས་ ཁོང་རའི་གཡོག་གི་སྐོར་ལས་བཤད་མི་དེ་ ཁོང་གི་མི་སྡེ་ནང་ གཡོག་ལཱ་ཆེ་ཆུང་ག་ར་ལུ་ བརྩི་བསྐུར་དང་དག་སྣང་ཡོད་ནི་དེ་གིས་ཨིནམ་ལས་ འབྲུག་མི་ཚུ་གིས་ཡང་འདི་བཟུམ་སྦེ་ ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་དགོཔ་གལ་ཆེ།

དེ་མ་ཚད་ན་གཞོན་གཡོག་འཚོལ་མིའི་རྒྱུད་ལུ་ བརྩོན་འགྲུས་དང་ བསམ་པ་བཟང་པོ་ ཕམ་དང་སློབ་དཔོན་ལུ་གུས་ཞབས་ མི་དབང་རྒྱལཔོ་དང་གཞུང་ལུ་དགའ་ཚོར་ དུས་ནམ་ཡང་སེམས་ཁར་ལས་ མ་བརྗེད་པ་ཅིད་ གཡོག་ཐོབ་ནིའི་ཕྱིར་དུ་ བསོད་ནམས་དཔག་ཏུ་མེད་པར་བསགས་འོང་།

མཇུག་རང་ དཔྱེ་གཏམ་ལུ་གསིག་པ་ལྷ་གིས་གསིག་རུང་ མ་པ་རང་གིས་གསིག་དགོ་ཟེར་དོ་བཟུམ་ རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་ དཔལ་འཛོམས་ བསྒྲུབ་ཐབས་ལུ་ འབྲུག་གི་གཞི་རྩ་ རྩ་ཁྲིམས་ཆེན་མོ་དང་ མི་དབང་མངའ་ཞབས་ཀྱི་ བཀའ་སློབ་བཞིན་ ན་གཞོན་ལུ་གཡོག་སྤྲོད་དགོ་པའི་ འགན་ཁུར་དེ་ གཞུང་ལུ་གནང་རུང་ གཞུང་དང་སྒེར་སྡེ་ ཕམ་དང་ ལྷག་པར་དུ་ན་གཞོན་ཁོང་རང་གིས་ སེམས་ཁར་ཚ་གྱང་དང་འགན་ཁུར་ཐེབ་འབག་སྟེ་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ གཡོག་གི་གོ་སྐབས་འཚོལ་དགོཔ་འདུག།





འབྲིས་མི་  འཕྲིན་ལས་རྡོ་རྗེ། ལོ་ངོ་བཞི་པ། ཀོ་ལོམ་བོ་གཙུག་ལག་སློབ་སྡེ། སྲི་ལངྐ་། ཡིག་འཕྲིན་ tidorji@hotmail.com




[1] འཛམ་གླིང་དངུལ་ཁང་གི་གནས་ཚད་དང་འཁྲིལ་བ་ཅིན་ ད་གཞོན་གཡོག་མ་ཐོབ་སྦེ་རྩི་མི་ཚུ་ ལོ་གྲངས་༡༥་དང་༢༤་གི་བར་ན་ཡོད་མི་ཨིན།
[2] རྒྱལ་ཡོངས་རྩིས་དཔྱད་བཀོད་ཚོགས་ཀྱི་ བཀྲམ་སྤེལ་འབད་བའི་རྩིས་དེབ་༢༠༡༢།